ལོ་དེ་ཕྱིར་དྲན་ཞིག་གི་མཇུག་མ་མིན།།
སྣང་སྲིད་བདོག་ཚད་བཀག་པའི་ཆུ་བོ་ཡིན།།
ང་ཡི་ཟླ་ངོ་བསྟུད་མར་ལེན་ཐབས་ཀྱིས།།
ཤིན་ཏུ་སྐྱོ་བའི་ངག་ཅིག་བརླན་ཚུལ་ཡིན།།
ལོ་དེ་གྲང་ཅང་ཅང་གི་ནམ་ཟླ་མིན།།
ག་རེ་འཐོབ་ཕྱིར་བསྙེགས་པའི་བརྩེ་དུང་ཡིན།།
བདག་གི་སྙིང་མི་སྡུག་པའི་ལྷན་པ་འགའ།།
གཅིག་ཐོག་གཅིག་ཏུ་བརྩེགས་པའི་ངལ་བ་ཡིན།།
ལོ་དེ་དགའ་སྡུག་བསླེས་པའི་སླེ་བོ་མིན།།
ལན་བུ་ཡོད་ཚད་བཏུས་པའི་སྒྲུང་ཐུང་ཡིན།།
ཁོ་མོའི་ངག་ལ་བྱིན་རླབས་ཨེ་ཞུགས་ཀྱིས།།
རེ་སྒུག་སྣེ་མང་མཐུད་པའི་དུས་ཚིགས་ཡིན།།
ལོ་དེ་རྒྱུ་འབྲས་བསྟན་པའི་གཞུང་ལུགས་མིན།།
ཚོར་བའི་གླེགས་བམ་སྤུངས་པའི་རི་བོ་ཡིན།།
དར་དཀར་ཕར་ལ་བསྲིངས་པའི་མཇུག་འབྲས་ཀྱིས།།
སྐད་ཆ་ག་ལེར་འོང་བའི་དུས་ཤིག་ཡིན།།
ལོ་དེ་བག་ཆགས་འཇོག་སའི་དབྱར་ཁ་མིན།།
སྐྱོ་གདུང་སྣ་མང་བླུགས་སའི་དགུན་ཁ་ཡིན།།
སོ་སོའི་ལག་ཏུ་བྱེ་རིལ་ཨེ་འབབ་ཀྱིས།།
དགྲ་གཉེན་སོ་སོར་གྱེས་པའི་སུམ་མདོ་ཡིན།།
ལོ་དེ་སེམས་ཁྲལ་གཅིག་པུའི་ལྕགས་གོང་མིན།།
མི་གཤིས་ལུ་གུ་འདྲ་ཞིག་རྙེད་ཕྱིར་ཡིན།།
བརྩེ་བའི་དར་ཐག་ལ་བསྒྲེངས་ལུང་བསྒྲེངས་ཀྱིས།།
རང་གཞན་གཉི་ཀའི་བདེ་སྐྱིད་འབྱུང་ས་ཡིན།།
ལོ་དེ་ཕྲུ་གུ་བཙས་པའི་དཔྱིད་ཀ་མིན།།
མེ་ཏོག་སྔས་སུ་བགྱིས་པའི་སྟོན་ཁ་ཡིན།།
ཚོར་བའི་རབ་བྱེད་མངས་པོ་བྲིས་བྲིས་ཀྱིས།།
ལོ་མའི་ཁ་དོག་བཀྲག་པའི་ཡུལ་ཞིག་ཡིན།།
༢༠༡༨/༡༡/༡༣ཉིན།