རབ་དཀར་ཚོགས་གཉིས་ཟླ་བའི་མ་མ་བསྲུབས་པ་ལས།།
མཚན་དཔེའི་དཀྱིལ་འཁོར་ཉི་མ་འབར་བའི་འཕྲིན་ལས་ཀྱིས།།
རྣམ་མང་འགྲོ་ལ་དགའ་བཞིའི་དཔལ་སྟེར་བྱམས་བརྩེའི་གཉེན།།
སྟོན་མཆོག་མཚུངས་པ་མེད་དེས་ཀུན་ནས་སྲུངས་གྱུར་ཅིག །
ལྷུན་གྲུབ་ནོར་བུའི་མཛོད་ལ་མངའ་བརྙེས་ཀྱང་།།
ཐུགས་རྗེས་ཡིད་ཅན་ཁམས་དང་རྗེས་མཐུན་པར།།
ཕན་བདེ་ཞི་བའི་ལམ་མཆོག་འདོམས་མཛད་པའི།།
ཐུབ༵་བསྟན༵་ཆོས༵་ཀྱི༵་ཉི༵་མ༵ར་རིང་ནས་འདུད།།
ཕྲ་རྒྱས་ནད་ཀྱིས་གདུང་བའི་བདག་སོགས་འགྲོ།།
མི་ཤིགས་ཐིག་ལེས་སྲུང་བའི་འཁོར་ལོའི་ལྟོར།།
བརྩེ་ཆེན་དོན་ཡོད་ཞགས་པས་ཉེར་བཅིངས་ཏེ།།
ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་སྩོལ་ཅིག །
དམ་པ་གང་གི་ཞབས་སེན་སྤྱི་བོའི་རྡུལ།།
འགོད་ལ་རིངས་ནས་ཡིད་ལ་བརྣགས་པ་ཡི།།
བསོད་ནམས་བསྟན་ལ་དད་པའི་རྣམ་དཀར་གྱི།།
སྐལ་བ་ལྡན་དེས་སོར་མོའི་འདུ་ལ་རིངས།།
བྱང་ཕྱོགས་ནོར་འཛིན་སྒེག་མོའི་བཞིན་རས་ལ།།
སྙན་པར་གྲགས་པའི་ལེགས་བྱས་སྨུག་པོའི་རྩིས།།
འགྲམ་པར་སྣུམ་མཛད་མགོན་པོ་གང་དེ་ཡི།།
རྟོགས་བརྗོད་དེ་བྱུང་རིག་པའི་གསང་ལ་གཞལ།།
དུས་གསུམ་རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཉིད།།
རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་ངོ་བོ་རུ།།
གདོད་ནས་མངོན་སངས་རྒྱས་ཀྱང་གདུལ་བྱའི་སླད།།
གསང་ཆེན་སྤྲུལ་པའི་རྣལ་འབྱོར་ཆེན་པོ་ཞིག །
བསིལ་ལྡན་གངས་རིས་བསྐོར་བའི་ཤར་གྱི་ཕྱོགས།།
རྨད་བྱུང་མདོ་ཁམས་འཛིན་མའི་དཔལ་གྱི་མཆོག །
རྫོགས་ལྡན་དཔལ་ལ་འགྲན་པའི་འབྲི་ཟླ་སྒང་།།
སྔ་འགྱུར་བསྟན་པའི་ཆུ་མགོར་གྲགས་པའི་ཆར།།
གཡུ་ལོ་བཀོད་པའི་ཞིང་གི་དཔལ་ཡོན་གྱི།།
མཛེས་རིས་མོག་པོར་བགྱིས་པའི་ཕང་བ་རུ།།
ངོ་མཚར་གྲགས་པའི་ལྟས་དང་ཆོ་འཕྲུལ་བཅས།།
མཚན་དཔེའི་གཟུགས་སྐུ་ས་ཆེན་རྒྱན་དུ་བལྟམས།།
གྲུབ་དབང་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ཡི།།
ཕྲིན་ལས་སྐྱ་རེངས་གསར་པས་ཉེར་དྲངས་ཏེ།།
འབྲུག་སྤྲུལ་བཞི་པའི་ཡང་སྲིད་ཉི་མ་ཆེས།།
ཐུབ་བསྟན་ལྷ་ཡི་རྫིང་རིང་གསལ་བར་བྱས།།
དགེ་བའི་བག་ཆགས་བརྟས་པའི་སྒྲོན་མེ་ཡིས།།
གཏི་མུག་མུན་པ་རིང་དུ་སྤྲད་པའི་མཐུས།།
དགུང་གྲངས་བདུན་ནས་མཁན་པོ་དཀོན་མཆོག་དྲུང་།།
ཀློག་སོགས་བསླབས་པ་ཚེགས་མེད་ཐུགས་ན་མངའ།།
གཏན་བདེའི་ཐར་པའི་ཚེ་སྲོག་འཕྲོག་མཁས་པའི།།
འདི་སྣང་སྲིན་མོའི་འཛུམ་དཀར་སླུ་བྲིད་ལས།།
རྒྱང་བསྲིངས་རྣམ་གྲོལ་ཅང་ཤེས་འཕྲུལ་ཐབས་ཀྱིས།།
རླབས་ཆེན་ཐུགས་བསྐྱེད་སྐད་ཅིག་ལྷོད་པ་མེད།།
དགུང་ལོ་དགུ་པར་ཕལ་པའི་ངང་ཚུལ་ཀུན།།
ས་གཞི་མཛེས་པའི་རྒྱན་དུ་བསྟར་བྱས་ནས།།
བརྗིད་ཆགས་གཟུགས་སྐུའི་གཟི་བྱིན་དཔལ་འབར་བའི།།
ཞབས་སེན་གདོང་ལྔས་བཏེགས་པའི་ཁྲི་ལ་བཀོད།།
ལྔ་རིག་རྒྱ་མཚོའི་ཀློང་དུ་མ་བགྲོད་པར།།
སྐུ་གསུམ་དབྱིག་གི་མཛོད་ལ་མི་དབང་བར།།
གཟིགས་པས་གུས་རྟག་བརྩོན་པའི་གཟིངས་ཆེན་ལས།།
མཁས་མང་ནོར་བུའི་གླིང་དུ་ཡུན་གྱིས་གཤེགས།།
ཟབ་གསང་སྙིང་ཐིག་སྔོན་འགྲོའི་ཞལ་ཆབ་ཀྱི།།
ཆོས་ཚུལ་ཀློང་ཆེན་གངྒའི་རྒྱུན་འཇོ་བར།།
ཁྱད་པར་པདྨ་ཐེག་མཆོག་བློ་ལྡན་ཞབས།།
སྤྱི་བོ་བདེ་ཆེན་འཁོར་ལོའི་རྒྱན་དུ་བསྟེན།།
རྫོགས་པ་ཆེན་པོ་དངོས་གཞིའི་ཁྲིད་ཀྱི་སྐབས།།
གཞི་དབྱིངས་ཀ་དག་རིག་པ་བདེ་བླག་ཏུ།།
གཟིགས་པས་གསུམ་ལྡན་མགོན་པོ་དགྱེས་བཞིན་དུ།།
ལུང་བསྟན་ཅིག་ཅར་རིགས་སུ་དབུགས་དབྱུང་སྩལ།།
བསླབ་གསུམ་ངུར་སྨྲིག་གོས་ཀྱིས་བཀླུབས་པ་ཡིས།།
ཉ་གང་བཅོ་ལྔའི་དཀྱིལ་འཁོར་རྫོགས་པ་ན།།
ཨ་བུ་ལྷ་རྒྱལ་རིན་པོ་ཆེ་ཡི་དྲུང་།།
དགེ་འདུན་གྲངས་ཚང་དབུས་སུ་བསྙེན་པར་རྫོགས།།
མཁས་མང་རྒྱུ་སྐར་བྱེ་བའི་དབུས་ཉིད་ན།།
སྤང་བླང་ཀུ་ཤའི་རྩེ་ལྟར་མ་འདྲེས་པར།།
གཅེས་པའི་བསླབ་པ་མིག་གི་འབྲས་བུ་བཞིན།།
བསྲུངས་པས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་སྤྲོས།།
གཞན་ཡང་བཤེས་གཉེན་དཔུང་པ་བརྟན་པའི་ཚོགས།།
དད་གསུམ་དགེ་ལེགས་གྲོང་དུ་ཉེར་བསུས་ཏེ།།
མཁྱེན་རབ་དགུ་ཚིགས་ཞགས་པའི་ཐབས་འཕྲུལ་ཀྱིས།།
མཐའ་དག་ཤེས་བྱའི་གནས་རྣམས་རིལ་པོར་བྱས།།
ཁྱད་པར་གསང་གསུམ་ཡོན་ཏན་རྨད་པོ་ཆེ།།
མངའ་བའི་གཏེར་སྟོན་ཉི་ཟླ་སངས་རྒྱས་དྲུང་།།
ཞག་བདུན་འཕོ་བའི་རྟགས་ཐོན་མཛད་པའི་ཚེ།།
བླ་མའི་ཐུགས་ཡིད་ཆེས་ཆེར་འཕྲོག་པ་སྐད།།
རྣམ་བཞིའི་ཕྲིན་ལས་རྡོ་རྗེ་མེ་ཆར་གྱིས།།
མགོ་ལོག་ཁྲོམ་ཐར་ལ་སོགས་ཡུལ་གྲུ་འགར།།
ཞིང་བཅུ་ཕྱེ་མར་འཐག་པའི་གྲུབ་རྟགས་སོགས།།
ལས་ཅན་དཔྱིད་དུ་གྲོལ་བའི་མཚན་མ་འབར།།
སངས་རྒྱས་པདྨའི་ཞལ་ཆབ་མ་དྲོས་ཀླུང་།།
དྲོད་རླངས་འཐུལ་བའི་ཁ་བབ་རྣམ་བཞིའི་རྒྱུན།།
སྐུ་གསུམ་ཟླ་བའི་མ་མར་གཞོལ་བ་ལྟར།།
དབང་སྦྱིན་བུམ་ཆུ་འཛད་པ་མེད་པར་གྲགས།།
ཕན་བདེ་ཨུཏྤལ་སྔོན་པོའི་རྩ་ལག་མཆོག།
ཐུབ་བསྟན་ཟླ་ཤེལ་དུས་ཀྱི་ནུབ་རིའི་རྩེར།།
ཉེ་བར་གཟིམས་པའི་ཚུལ་ལས་སླར་སློང་བའི།།
ཐུགས་བསྐྱེད་དུས་ཀྱི་འབྲས་བུ་གཡུར་དུ་ཟ།།
རིམ་གཉིས་ཟླ་གདོང་སྒེག་མོའི་འགྲམ་ཆང་གིས།།
ཟུང་འཇུག་དགའ་བཞིའི་འཛུམ་དཀར་རྒྱས་པའི་རྟགས།།
གསང་སྔགས་རིན་ཆེན་གཏེར་མཛོད་སྨིན་བྱེད་དབང་།།
སྩལ་ཚེ་ཐོད་པའི་གསང་རྫས་བདུད་རྩིས་གཏམས།།
དུས་འགྱུར་བདུད་ཀྱི་མཚོན་ཆ་རྩུབ་མོ་ཡིས།།
ཞི་བའི་གྲོང་ཁྱེར་ཐལ་བར་བརླགས་པའི་ཚེ།།
ཐུགས་བསྐྱེད་དམ་བཅའ་བཙན་པོའི་གོ་ཆ་ལས།།
མི་བསྲུན་དྲག་པོའི་གཡུལ་ལས་རྣམ་པར་རྒྱལ།།
བསྟན་པ་ཡང་དར་སྐལ་བཟང་དུས་ཀྱི་ཚེ།།
དཀྱིལ་འཁོར་རྡུལ་ཚོན་གར་འཆམ་རོལ་དབྱངས་སོགས།།
མཐོང་གྲོལ་བརྒྱུད་པའི་ཕྱག་བཞེས་མ་ཉམས་པ།།
དགེ་ལེགས་འཛད་པ་མེད་པའི་བདུད་རྩི་བསྐྱིལ།།
རབ་དཀར་རྡུལ་མང་བརྩེགས་པའི་ས་འཛིན་གྱི།།
ཕྲེང་བ་ཚར་དུ་དངར་བའི་ཤར་གྱི་ཆར།།
ཟབ་གསང་བླ་མེད་ཆོས་ཀྱི་འཁོར་ལོ་ཆེ།།
བསྐོར་བའི་ལེགས་བྱས་མཚན་མ་གཞན་ལས་མཐོ།།
ཕྱི་རུ་སོ་ཐར་ངུར་སྨྲིག་ཀུན་སྤྱོད་གཙང་།།
ནང་དུ་རིམ་གཉིས་ཟུང་འཇུག་གདེང་དང་ལྡན།།
གསང་བ་དཀྱིལ་འཁོར་རྒྱ་མཚོ་སྤྲོ་བསྡུའི་གར།།
ཟབ་གསུམ་སྒྱུ་འཕྲུལ་རོལ་པ་འབྱམས་སུ་ཀླས།།
ལུགས་ཟུང་འཇའ་འོད་བསྐྱིལ་བའི་མདོ་ཁམས་ལྗོངས།།
རྗེས་བརྩེ་ཕྲིན་ལས་འོད་ཀྱིས་འཁྱུད་པའི་ཚེ།།
ལུང་རྟོགས་པུཎྜ་རི་ཀའི་འཛུམ་དཀར་ལ།།
ངེས་ལེགས་བཀྲ་ཤིས་རེ་ཁཱ་གཡས་སུ་འཁྱིལ།།
གསང་གསུམ་འཛད་མེད་བདུད་རྩིའི་ཆོས་ཆར་ལས།།
བཤད་སྒྲུབ་པདྨའི་ཚལ་ཆེན་བལྟམས་པ་ལ།།
རྒྱལ་བསྟན་དབྱར་གྱི་དཔལ་མོའི་ལན་བུའི་རྩེར།།
གཟུགས་སྐུ་མེ་ཏོག་འགྲོ་བའི་དཔལ་དུ་བཞུགས།།
གང་གི་ཕྱི་ནང་གསང་བའི་རྣམ་པར་ཐར།།
ས་ཆེན་སེམས་དཔའི་སྤྱོད་ཡུལ་ཁོ་ན་ལས།།
ཞིབ་པར་བརྗོད་པའི་སྐལ་བ་ཕྲ་ན་ཡང་།།
སྐྲ་རྩེའི་ཟེགས་མ་དད་པའི་གསོས་སུ་བྱས།།
འདིས་མཚོན་དུས་གསུམ་བསགས་པའི་དགེ་བའི་ཚོགས།།
རླབས་ཆེན་སྤྱོད་པ་རྒྱ་མཚོའི་སྨོན་ལམ་དང་།།
ཡོངས་འདྲེས་ཉིད་ཀྱི་སྐུ་ཚེ་བསྐལ་བརྒྱའི་བར།།
མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན་གྱུར་ཅིག།
མཐོང་བས་མི་ངོམས་ཡིད་འཕྲོག་གཟི་བྱིན་གྱིས།།
སྤུད་པའི་ཞལ་དཀྱིལ་མཐོང་བ་དོན་ལྡན་ཉིད།།
སྐལ་བཟང་འདྲེན་བྱེད་བདག་ཡིད་གཅགས་དང་ལྷན།།
རིང་ནས་འདུན་པ་ཆེན་པོས་འདུས་སུ་བྱས།།
འབྲུལ་སྤྲུལ་ཐུབ་བསྟན་མདོ་སྔགས་བཤད་སྒྲུབ་ཆོས་ཀྱི་ཉི་མ་མཆོག་གི་རྟོགས་བརྗོད་བསྡུས་པ་ཞིག་བྲིས་ཞེས། རྫོགས་ཆེན་ར་ཉག་དཔལ་སྤྲུལ་རིན་པོ་ཆེའི་བཀས་བསྐུལ་བར་བརྟེན། རིང་ནས་དམ་པ་གང་གི་ཞལ་མཇལ་ཞིང་གསུང་ཐོས་པར་སྐོམ་པ་ཆུ་འདོད་ལྟར་གྱིས་འདུན་པ་དྲག་པོ་མངའ་བ། བཀས་སྐུལ་བ་པོའི་ཞབས་འབྲིང་པ་སློབ་དཔོན་བྱམས་པ་ནོར་རྒྱལ་གྱིས་བསོད་ནམས་ཀྱི་བགོ་སྐལ་ཙམ་དུ་ཕྱི་ལོ་/༢༠༡༦/༧/༡ ཉིན། ཡོ་རོབ་བྷེལ་ཇམ་ནས། །