མཚན་དཔེའི་མེ་ཏོག་ཡོངས་སུ་བཀྲ་བའི་སྐུ་ཡི་བཀོད་པ་བོད་ལ་འཁྲུངས། །
བརྗིད་ཆགས་སྙན་པའི་གསུང་གི་འགྱུར་ཁུགས་གནམ་ས་གཉིས་ཀྱི་བར་ན་མཆེད། །
རླབས་ཆེན་ཐུགས་ཀྱི་འོད་སྣང་དཀར་པོ་སྲིད་པ་གསུམ་གྱི་ཁྱོན་ན་ཁྱབ། །
འཇིག་རྟེན་མིག་གཅིག་བསྟན་འཛིན་རྒྱལ་མཚོ་དགའ་བ་འབུམ་གྱིས་འདི་ནས་བསྟོད། །
བརྩེ་བ་ཆེན་པོའི་ཐུགས་རྗེས་གཟིགས་ནས་བྱང་གི་ཕྱོགས་ལ་དེད་དཔོན་མཛད། །
སྙིང་རྗེ་ཆེན་པོའི་སྟོབས་ཤུགས་ཕྱུངས་ནས་འཇིག་རྟེན་ཡོངས་ལ་ཞི་བདེ་འགྱེད། །
ཐབས་མཁས་ཆེན་པོའི་ཆོ་འཕྲུལ་ངོམ་ནས་ཆོས་ལུགས་ཀུན་ལ་འཆམ་མཐུན་སྐྲུན། །
ཐུགས་བཞེད་གསུམ་གྱི་རྣམ་ཐར་དགེ་བའི་ལྷ་མིའི་སྟོན་པ་ཕེབས་བསུ་ཞུ། །
འཛུམ་པའི་ཞལ་རས་སེམས་ལ་བསྒོམས་ནས་ཕྱག་དང་སྐོར་བ་བྱེད་པའི་དུས། །
སྙན་པའི་གསུང་དབྱངས་ཡིད་ལ་དྲན་ནས་གདུང་བའི་ཤུགས་ཀྱིས་འབོད་པའི་དུས། །
བརྩེ་བའི་ཐུགས་རྗེ་སྙིང་ནས་བསམས་ཏེ་གསོལ་བ་ལན་བརྒྱ་འདེབས་པའི་དུས། །
དངོས་གྲུབ་སྟོང་གི་སྦྲང་ཆར་ཕབ་ནས་ཡང་ཡང་གཟིགས་རོགས་སྤྱན་རས་གཟིགས། །
དཀར་པོ་སྤྲིན་གྱི་དར་དཔྱངས་ཁྲོད་ནས་ཉི་མ་བཞིན་དུ་འཛུམ་པ་དང་། །
སེར་པོ་ས་གཞིའི་འདབ་མའི་སྟེང་ན་ཚ་དྲོད་བཞིན་དུ་ཁྱབ་པ་ཡི། །
འོད་ཀྱི་གོང་བུ་བསྟན་འཛིན་རྒྱ་མཚོར་དད་པ་གསུམ་གྱིས་གུས་བཏུད་ནས། །
གསེར་མདོག་ཅན་གྱི་འདུས་པའི་སྡེ་ཡིས་རྣམ་གླིང་ཆོས་སྡེ༷་ཆེན་མོར་བསུ། །
དྲག་པོའི་དམག་གི་མཚོན་ཆའི་ཁ་ན་ཐལ་མོ་སྦྱར་བའི་ཕྱག་རྒྱ་ཅན། །
ངན་སྨོད་ཚིག་གི་སྐུར་འདེབས་ཁ་ན་སྙན་པར་སྨྲ་བའི་འཛུམ་དམངས་ཅན། །
བསམ་སྦྱོར་ངན་པའི་དགྲ་བོའི་ཁ་ན་བརྩེ་བའི་སྤྱན་མི་ཟུམ་པ་ཅན། །
འཇིག་རྟེན་མགོན་པོ་བསྟན་འཛིན་རྒྱ་མཚོ་ས་ཆེན་འདི་ན་བྱོན་པ་ལེགས། །
ཡོངས་ལ་ཁྱབ་པའི་ནམ་མཁའ་བཞིན་དུ་ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེ་ཞིང་། །
ཀུན་ལ་སྙོམས་པའི་ཉི་མ་བཞིན་དུ་རླབས་ཆེན་མཛད་པ་ངོ་མཚར་བའི། །
ཞི་བའི་གཉེན་གཅིག་བསྟན་འཛིན་རྒྱ་མཚོ་འདུས་པ་སྟོང་གི་སེར་སྦྲེངས་ཁྲོད། །
དད་འདུན་དཀར་པོའི་ཁ་བཏགས་ལིངས་སེ་རྣམ་གླིང་ཆོས་སྡེ་ཆེན་མོས་བསུ། །
ངན་དགུའི༵་སྲིད་པའི་འདམ་དུ་འཁྲུངས་པའི་སྔོན་པོ༵་གཡུ་ཡི་སྡོང་པོ་ཅན། །
ཆེ་དགུའི༵་རལ་པའི་འདབ་མས་བཏེགས་པའི་སེར་པོ༵་གསེར་གྱི་གེ་སར་ཅན། །
ཡོད་དགུའི༵་སེམས་ཀྱི་སྦྲང་མ་འཁོར་ས་དམར་པོ༵་བྱེ་རུའི་མེ་ཏོག་ཅན། །
འདོད་དགུའི༵་འབྱུང་གནས་པདྨ་དཀར་པོ༵་ལྷ་མིའི་རྣམ་འདྲེན་གུས་པས་འདུད། །
སྐུ་གསུམ་ཐུགས་ཀྱི་རྡོ་རྗེའི་ཁམས་དག་རི་བོ་བཞིན་དུ་བརྟན་པའི་ངང་། །
མཁྱེན་བརྩེ་ནུས་པའི་འོད་སྣང་དཀར་པོ་སྲིད་པ་གསུམ་ན་རབ་རྒྱས་ཏེ། །
འགན་ཁུར་གསུམ་གྱི་རླབས་ཆེན་མཛད་པ་ཐུགས་བཞེད་ལྟར་དུ་མྱུར་འགྲུབ་ནས། །
སྡོམ་གསུམ་བསྟན་པའི་སྒྲོན་མེ་ཆེན་པོ་ཞབས་པད་ཡུན་རིང་བརྟན་གྱུར་ཅིག །
༢༠༡༣་༧་༡༡ ཉིན་༧གོང་ས་མཆོག་གདན་ས་ཆེན་མོ་རྣམ་གྲོལ་གླིང་དུ་ཆིབས་བསྒྱུར་བསྐྱངས་སྐབས་དགོན་པའི་ངོས་ནས་ཕེབས་བསུའི་འཕྲེད་དར་གོ་སྒྲིག་སྐབས་ཁོ་བོས་བྲིས་པའི་ཤིས་ཚིག་རྣམས་ ༢༠༡༨ ལོར་བསྡུ་བསྒྲིག་བྱས་ཏེ་སྤེལ།