མཐོང་མྱོང་མེད་ཀྱང་ནང་དུ་འཛུལ་ཚེ་དགའ་དང་སྤྲོ་བའི་འཛུམ་གྱིས་བསུ།།
འདྲེས་མྱོང་མེད་ཀྱང་ཕྱི་རུ་ཐོན་ཚེ་ཁྲ་ཆུང་མིག་གིས་སྐྱེལ་མ་བྱེད།།
བཀོད་བཤམ་མཛེས་པའི་ཚོང་རྫས་རྣམ་མང་རིན་གོང་འདྲི་ཚེ་སྨྲ་བར་མཁས།།
གཟུགས་དང་ལང་ཚོ་ཀུན་ནས་འབར་བའི་ཚོང་ཁང་ནང་གི་མཛེས་མ་ཀྱེ།།
ཁྱེད་ཀྱི་ལང་ཚོ་དགུན་ཆང་མངར་མོ་དེས།།
བདག་གི་ལུས་སེམས་སྦྲིད་ཅིང་བཟི་ན་ཡང་།།
མགྲིན་པའི་རྩ་མདུད་གློད་དུ་གཏོང་བ་ལས།།
སྔོན་བྱུང་གཏམ་འགའ་འཆད་ལ་སྤྲོ་བ་བརྟས།།
མ་ཧ་དེ་བས་ཨུ་མའི་ཆེད་དུ་དགའ་རབ་ལྷ་ཚོགས་མེ་ལ་བསྲེགས།།
ར་མ་ཎ་ཡིས་སི་ཏཱའི་དོན་དུ་ལངྐའི་མཁར་གྲོང་ཤུལ་མེད་བཅོམ།།
སྲོང་བཙན་སྒམ་པོས་ཀོང་ཇོའི་ཕྱིར་དུ་རྒྱ་དང་༼གྲུ་དྲུ་གུ་ཆམ་ལ་ཕབ།།
གེ་སར་རྒྱལ་པོས་འབྲུག་མོའི་སླད་དུ་ཧོར་སེར་ཡུ་མེད་རྩ་བརླག་བཟོས་
བསྔགས་འོས་ལྷ་དང་མི་དབང་དེ་དག་གིས།།
མཛའ་གཅུགས་སྙིང་ལ་སྡུག་པའི་ཆུང་མ་རྣམས།།
གཏམ་རྒྱུད་ཕྱི་རབས་བོད་ལ་གྲགས་པ་ཡི།།
དམར་པོ་ཁྲག་གི་ལམ་ནས་ཁབ་ཏུ་བསུས།།
ཤཀྱཱ་ཐུབ་པས་མཛེས་པའི་ཆེད་དུ་སྒྱུ་རྩལ་དྲག་རྩལ་ཐེངས་མང་འགྲན།།
སློབ་དཔོན་པདྨས་མཛེས་མའི་དོན་དུ་མེ་ལ་བསྲེགས་ཀྱང་བཟོད་པར་ཕོད།།
ནོར་བཟང་རྒྱལ་ལུས་མཛེས་མའི་ཕྱིར་དུ་དྲི་ཟའི་ཡུལ་ལ་འགྲོ་བར་བརྩམས།།
ཚངས་དབྱངས་རྒྱ་མཚོས་མཛེས་མའི་སླད་དུ་རྒྱལ་སྲིད་གསེར་ཁྲི་འདོར་ལ་བྲེལ།།
མཆོད་འོས་རྒྱལ་དང་གྲུབ་དབང་དེ་དག་གིས།།
སྲིད་པའི་ཕུན་ཚོགས་འཆིང་བུ་ལྟར་དོར་ཡང་།།
ཤ་ཁྲག་འདམ་གྱིས་བཅོས་པའི་མཛེས་མ་རྣམས།།
སྣ་ཚོགས་ཐབས་མང་སྤྱད་ནས་འཐོབ་ལ་བརྩོན།།
སེང་ལྕམ་འབྲུག་མོའི་འཇོ་སྒེག་བལྟ་བར་རྟ་བརྒྱ་འབྲི་བརྒྱ་རྡང་དུ་བཏགས།།
སྟག་ཚ་ངོ་ལུག་གདོང་པར་བལྟ་བར་གཡང་དཀར་མ་མོའི་ཁྱུ་སྣེ་བཅད།།
རྡོ་བརྐོས་བུ་མོའི་འཛུམ་རླབས་རེ་རེས་གཟི་དང་བྱུ་རུའི་མནྜལ་སྤུངས།།
བསོད་ནམས་མཚོ་མོའི་ཟུར་མིག་གཅིག་གིས་ཚོང་པའི་སྐེ་ནས་གསེར་ཐག་གྲོལ།།
སྔོན་བྱོན་ཕ་དང་ཡབ་མེས་དེ་དག་གིས།།
རྨད་བྱུང་མཛེས་མའི་ཡོན་ཏན་རེ་རེ་ལ།།
ད་ལྟའི་མི་ཡི་ཡིད་ལ་ཆུད་དཀའ་བས།།
རང་ལ་བདོག་པའི་དངོས་པོ་ཡོངས་སུ་བཏང་།།
རྡོ་རྗེ་སློབ་དཔོན་ཡབ་ཡུམ་སྦྱོར་ནས་འགྲོ་ལ་དགའ་བཞིའི་ཤེར་དབང་སྩལ།།
རྡོ་སེམས་ཡབ་ཡུམ་སྙོམས་འཇུག་བདུད་རྩིས་སྒོ་གསུམ་སྡིག་ལྟུང་དྲི་མ་འཁྲུད།།
རྡོ་རྗེ་ཕག་མོ་ཡབ་ལ་འཁྱུད་ནས་བདེ་ཆེན་ཐར་པའི་མྱུར་ལམ་བསྟན།།
རྡོ་རྗེ་འཆང་དབང་ཡུམ་དང་སྦྱོར་ནས་འཁོར་བའི་ཕྱི་མཐའ་སྟོང་བར་འབད།།
བདེ་གཤེགས་ལྷ་དང་ཡི་དམ་དེ་དག་གིས།།
མ་ནོར་ལམ་བཟང་སྟོན་པའི་བརྡ་ཐབས་སུ།།
བཅུ་དྲུག་ལོ་ཚོད་ལོན་པའི་མཛེས་མ་རེ།།
བསྐལ་བའི་བར་ཡང་འབྲལ་མེད་པང་པར་འདེགས།།
སྟོན་པ་རྫུན་མས་ཆོས་ལོག་བསྟན་ནས་ཚུ་རོལ་མཛེས་པས་མ་ལ་སྤྱད།།
མོ་པ་རྫུན་མས་ལྟེ་གནས་ཕབ་ནས་ཨ་ཁུ་སྟོན་པས་བུ་མོར་སྤྱད།།
གཞི་བདག་རྫུན་མས་དངོས་གྲུབ་གནང་ནས་མོག་རོ་ཀརྨས་སྲིང་མོར་སྤྱད།།
ཨ་ནེ་རྫུན་མས་སྨོན་ལོག་བཏབ་ནས་སྐུ་དྲག་རྣམ་པས་ཕོ་ལ་སྤྱད།།
དྲག་ཆེན་དཔོན་དང་ཨུ་ཚན་དེ་དག་གིས།།
ལང་ཚོ་ལྡན་ན་མ་སྲིང་བུ་མོ་ཡང་།།
ཕྱི་རབས་མི་ལ་གཏམ་གྱི་དཔེར་གྱུར་པའི།།
གཡོ་སྒྱུ་དྲན་འཕྲུལ་སྤྱད་ནས་འདོད་པ་རོལ།།
དེ་ལྟར་ཀུན་གྱིས་གཅིག་ཏུ་བརྩོན་པའི་བདེ་ཆེན་དམ་པའི་ཚུལ་ལུགས་ལས།།
སངས་རྒྱས་བྱང་སེམས་རིག་འཛིན་གྲུབ་དབང་རྒྱལ་བློན་ཕ་ཁུ་དེ་དག་གི།།
རྣམ་པར་ཐར་པ་ཅུང་ཟད་གླེང་བའི་སྙན་ཚིགས་མེ་ཏོག་ཕྲེང་བ་འདི།།
བདག་གི་བསམ་པ་མཚོན་པའི་ཕྱིར་དུ་མཛེས་མ་ཁྱོད་ལ་སྐྱེས་སུ་འབུལ།།
མཛེས་མའི་ཆེད་དུ།(འདི་ནི་༢༠༠༢ ལོར་དུས་དེབ་ཐོག་བཀོད་པ་ཞིག་ཡིན་ལ། ཚིག་དོན་གོ་དཀའ་བའི་དགོངས་འཆར་བྱུང་བ་འགའ་ཞིག་ལ་གསར་དུ་མཆན་བཏབ་པ་ཡིན།།