སྐུ་དཀྱིལ་ཡེ་ཤེས་དཀྱིལ་འཁོར་ངུར་སྨྲིག་བརྒྱན།།
གསུང་དབྱངས་དུས་ཐོག་ཆར་པ་གོ་ལར་བཞུར།།
ཐུགས་ཟབ་རྒྱ་ཆེར་ནམ་མཁའི་དབྱིངས་སུ་བརྗིད།།
གངས་རིའི་མགོན་པོ་འཕྲིན་ལས་རྡོ་རྗེ་འདུད།།
བྱམས་བརྩེ་འོད་སྣང་སྦྱིན་པས་འགྲོ་བའི་མགོན།།
ཐུབ་བསྟན་རིན་ཆེན་གསེར་བཟང་འཛིན་པའི་གཙོ།།
སཱ་ལའི་སྨན་ལྗོངས་ལྷ་ཐོག་ལིམྦིའི་ཚལ།།
འཛུམ་གྱིས་སྒེག་པའི་ཉམ་ཆུང་ཁྱིམ་ན་བལྟམས།།
རྣམ་འདྲེན་རྒྱལ་བའི་གོ་འཕང་བརྙེས་ན་ཡང་།།
ཐུགས་རྗེའི་ཕྱག་གིས་འཁོར་བའི་སེམས་ཅན་རྣམས།།
ནམ་ཡང་མི་འདོར་འགྲོ་བ་རྣམས་ཀྱི་དོན།།
ཐུགས་རྗེའི་མེ་ཏོག་སྐྱེ་དགུའི་དཔལ་དུ་བཞད།།
སོ་གཉིས་ལང་མཚོའི་༼ཚོའི་འོད་སྟོང་འཕྲོས་པའི་མགོན།།
སྐད་བཞི་ལོ་ཙྭ་སྒྲ་གཟོ་༼བཟོ་སྙན་ངག་དང་།།
བཀའ་པོད་གཞུང་གི་བཀའ་གནད་རྡོ་རྗེའི་བཅུད།།
ལོ་ཟླ་ཧྲིལ་པོ་ཉི་ཤུ་ལྷག་ཏུ་སྦྱོངས།།༼སྦྱངས།
ཐུགས་སེམས་ཡངས་པོས་ཀུན་དང་མཐུན་འབྲེལ་བཙུགས།།
ས་དགེ་བཀའ་རྙིང་རིས་མེད་བླ་མ་ལས།།
དབང་ལུང་མན་ངག་མདོ་དང་བཅས་པ་ཞིག།
གསན་གཟིགས་མཛད་པའི་རིས་མེད་གངས་ཅན་མགོན།།
དཔའ་མཛངས་བརྟུལ་གསུམ་འཛོམས་པའི་མི་རིགས་ཀྱི།།
གཤིས་རྒྱུད་ངོ་བོ་མཚོན་པའི་སྐད་ཡིག་གཉིས།།
རྒྱ་མཚོས་གོས་ཅན་སྟེང་དུ་ཡལ་དོགས་ཏེ།།
ཁ་བའི་བླ་སྲོག་འཛིན་པའི་སློབ་གླིང་བཙུགས།
དམར་སེར་ངུར་སྨྲིག་འཆང་བའི་དགེ་སྦྱོང་གིས།།
ཟོལ་མེད་སྤྱན་གྱིས་འགྲོ་བ་ཀུན་གཟིགས་ནས།།
དགྱེས་ཞལ་ཟླ་བ་ཉ་གང་ཆུད་པ་བཞིན།།
རླབས་ཆེན་གསུང་གི་སྦྲང་རྩི་འགྲོ་ལ་སྦྱིན།།
མཐོ་དམན་རིས་སུ་མེད་པའི་སྐྱེ་བོ་ཡིས།།
སྐྱེ་རྒུ་འདྲེན་པའི་རྣམ་དག་སྒྲོན་མེ་མཆོག།
སྙན་གྲགས་བ་དན་དཀར་མོ་དགུང་བཞད་ལ།།
བཀྲ་ཤིས་འཛུམ་གྱིས་དགའ་སྤྲོའི་ཐག་སྒྲ་འཁྱིལ།།
གོ་ལའི་ཡང་རྩེར་གངས་སེང་དཀར་མོ་མཛེས།།
ཉི་མ་ཟླ་བའི་ཟེར་ཕྲེང་གངས་རིར་ཕོག།
ལྗོངས་འདིས་མ་བསྒྲགས་མཚན་སྙན་ཀུན་ལས་ལྡིར།།
བདེན་དོན་གཟི་ཉམས་གོ་ལའི་ཡང་སྟེང་བསྐྲུན།།
ཁྱེད་ཀྱི་ཡང་དག་ལམ་སྟོན་གདུལ་བྱས་སྲུང་།།
ཁྱེད་སྐུ་བདེ་ཐང་བཞུགས་ན་གདུལ་བྱ་སྐྱིད།།
འཕྲིན་ལས་མཚོ་ལྟར་རྒྱས་ན་གདུལ་བྱ་དགའ།།
ཁྱེད་སྐུ་བ་སྤུ་རེ་ཡང་བོད་སྲོག་འབྲེལ།།
ཉམས་རྒུད་བོད་པ་མགོན་པོས་སྐྱོང་དུ་གསོལ།།
གཞིས་བྱེས་མཉམ་འཛོམས་དགའ་སྟོན་མྱུར་འཆར་ཤོག།
གྲུ་འཛིན་རྩེ་ནས་ཁྱེད་ཞལ་མཇལ་བར་ཤོག།
སྐྱེ་འགྲོ་མཐའ་དག་བདེ་བར་འགོད་པར་ཤོག།
༈རང་ཅག་བོད་པ་རྣམས་ཀྱི་༼ལྟ་བལྟ་བའི་མིག་དང་ཁོག་པའི་སྙིང་ལྟར་བུ་༸དཔལ་རྒྱལ་བའི་དབང་པོ་སྐུ་ཡི་ཕྲེང་བ་འཛིན་པ་བཅུ་བདུན་པ་༸ཨོ་རྒྱན་འཕྲིན་ལས་རྡོ་རྗེ་སྐུ་བལྟམས་ནས་དགུང་གྲངས་སོ་གཉིས་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཚིགས་ཁྱད་པར་ཅན་འདི་ལ་གུས་སློབ་མིང་འཛིན་པ་སྡེ་དགེ་སྐལ་བཟང་གིས་ལྷོ་ཕྱོགས་རྒྱ་མཚོ་ཆེན་པོའི་ཉེ་འགྲམ་ནས་ཕྱི་ལོ༢༠༡༧ཟླ་བ་༠༦པའི་ཚེས་༢༣ཉིན་བྲིས་པ་དགེ