(སྔ་དུམ།)
ཡབ་ཟས་གཙང་མ་ཡི་མིག་གི་འབྲས་བུ།།
ཡུམ་སྒྱུ་འཕྲུལ་མ་ཡི་ལུས་ཀྱི་དྲོད་ཁོལ།།
གྲོགས་ས་འཚོ་མ་ཡི་སྙིང་རྡོག་ཆུང་ཆུང་།།
སྲས་རྒྱལ་བུ་དོན་གྲུབ་ཁྱེད་རང་ཡིན་ཨ།།
སྐུ་ཕུང་པོ་ལུམ་བིའི་གནས་སུ་འཁྲུངས་ཤིང་།།
རྩལ་ལུས་སྟོབས་སེར་སྐྱའི་གྲོང་ནས་རྒྱས་ཏེ།།
ཞབས་སྲ་མོས་ཕྱོགས་ཀྱི་ས་ཆེན་བསྐོར་བའི།།
བུ་འགྲན་མེད་དཔའ་བོ་ཤཱཀྱ་ཐུབ་པ།།
དྲིན་མ་ལོའི་ནུ་འོ་མ་རག་གོང་ནས།།
ཡུམ་སྒྱུ་འཕྲུལ་མི་ཡུལ་འདི་ནས་ཕེབས་ཏེ།།
གནས་འཁོར་བའི་གྲོང་དུ་དྭ་བུ་ལྷག་དུས།།
སེམས་བསམ་པའི་གཏིང་ནས་སྐྱོ་ཤས་ཨེ་བྱུང་།།
བྱ་ངང་པའི་ཚེ་སྲོག་བདེན་པས་བསྐྱབས་ཤིང་།།
གཅེན་ལྷས་བྱིན་ངོ་ཚས་ཕམ་པར་མཛད་དེ།།
ཡུལ་ཚོམས་ཆེན་ཕོ་བྲང་སྐྱེ་དགུ་མཐའ་དག།།
ངོ་མཚར་བའི་གནས་ལ་བཀོད་པ་ཡག་བྱུང་།།
ཕྱིའི་དཔལ་ཡོན་བཞད་པའི་མེ་ཏོག་གླིང་དུ།།
གཟུགས་སྐྱེ་ལོ་ཡག་པའི་མཛེས་མ་དཔལ་མེས།།
ཕྱག་མཉེན་མོས་རྒྱུད་དྲུག་པི་ཝང་དཀྲོལ་ཞོར།།
སེམས་སྙིང་གཏམ་གླེང་དུས་ཅི་འདྲ་འདུག་གམ།།
གཉེན་ཨ་ནེའི་རེ་བཞག་མེ་ལ་བསྟབས་ཤིང་།།
གོང་རྒྱལ་པོའི་མག་འདེམས་མཛད་སྒོ་ཞུཌ་ཏེ།།
ནང་སྤུན་ཡའི་གཟུགས་བཞི་ས་ལ་བརྡབས་ནས།།
རོགས་ས་འཚོའི་ངུ་ཁ་ལེན་སྟངས་མཚར་གདའ།།
གྲོང་འཁོར་བའི་རྙོག་འཛིང་རེ་རེར་ཐུག་དུས།།
སེམས་མི་བཟོད་སྐྱོ་ཤས་སྙིང་ལ་ཟུག་ཅིང་།།
ལན་མེད་པའི་དྲི་རྟཌ་གང་མང་ཁུར་བཞིན།།
མཚན་ནགས་ཀླུང་ཉུལ་བ་རེ་གཉིས་མིན་ཨ།།
ཡུལ་ཡངས་པ་ཅན་གྱི་མུ་ཏིག་འབོད་པའི།།
སྨན་མཛེས་མའི་གཙུག་ཏོག་ཨ་མྲ་སྐྱོང་མས།།
ལུས་བདེ་མོའི་འཇོ་སྒེག་གར་སྟབས་ངོམ་དུས།།
ཚེ་སྔ་མའི་འཆར་གཞི་འཁྲུགས་འདྲ་ཨེ་བྱུང་།།
(བར་དུམ།)
སྨག་མུན་པ་འཐུག་པའི་མཚན་མོ་དེ་རུ།།
ཁྱིམ་བཟའ་མི་བུ་ཕྲུག་རྒྱབ་ལ་བསྐྱུར་ཞིང་།།
རྟ་ཆིབས་ལྡན་སྔགས་པ་གྲོགས་སུ་རེ་ནས།།
རྒྱང་ས་མཐའ་བྲོས་དུས་དཀའ་ལས་ཨེ་བྱུང་།།
ཤིང་ལྗོན་པའི་ལོ་མ་རླུང་གིས་སྤུར་ཞིང་།།
ཆུ་གཙང་པོ་བཞུར་བའི་ལུང་མདོ་དེ་རུ།།
མགོའི་ཐོར་ཅོག་སྣུམ་པོ་མཚོན་གྱིས་བྲེག་དུས།།
སེམས་ཡ་ཆུང་ཁོག་ནས་ཕངས་སེམས་བྱུང་ངམ།།
གོས་ཟ་འོག་ན་བཟའ་གཞན་ལ་བསྐོན་ནས།།
ལུས་རྐང་རྗེན་གོས་ཧྲུལ་བས་མཐར་ཉུལ་ཏེ།།
མགོ་རལ་པ་ཅན་གྱི་དྲང་སྲོང་རིང་འཕུར།།
ནམ་ཉིན་མཚན་བསྟེན་པའི་དཀའ་ཐུབ་རྨད་དོ།།
ཡབ་རྒྱལ་པོ་དམ་པའི་མཁར་གྲོང་ནང་ནས།།
སྐུ་ཕེབས་ཤུལ་བློན་ཆེན་ར་མདའ་ཡོང་ཞིང་།།
རོགས་ས་འཚོའི་དྲན་རྟེན་ཕྱག་ཏུ་འབྱོར་དུས།།
སྙིང་དམར་པོའི་འཕར་ལྡིང་ཅི་འདྲ་རེད་དམ།།
ཚེ་རི་ལ་བསྐྱལ་བའི་རྣལ་འབྱོར་རྒན་པོས།།
འཁོར་བུ་སློབ་མང་པོ་མང་པོའི་དབུས་ནས།།
སེམས་ཏིང་འཛིན་འབྲས་བུ་ཁྱེད་འདྲ་མེད་ཅེས།།
གསུང་དབུཌ་དབྱུང་གནང་དུས་ང་རྒྱལ་ཨེ་སྐྱེས།།
ཆུ་ནཻར་ཛྙ་ནའི་གཡས་ཟུར་དེ་ན།།
ཤིང་བྱང་ཆུབ་ལྗོན་པའི་སྔས་འགྲམ་དེ་ན།།
སེམས་བསམ་པའི་དཔལ་ཡོན་ལོངས་སུ་སྤྱོད་དེ།།
ལུས་ཨར་ལ་གཏད་པའི་རྣལ་འབྱོར་ཁྱེད་ཡིན།།
ནམ་ཉིན་མཚན་ཞལ་ཟས་ཁམ་གང་མེད་པར།།
ལོ་ཟླ་བ་མཐུད་ནས་བསམ་གཏན་སྒོམ་དུས།།
ལུས་ཤ་ཁྲག་ཕུང་པོའི་ཟུངས་བཅུད་ཟད་དེ།།
སེམས་དྲན་པ་འཐོར་སྐབས་ཅི་འདྲ་རེད་དམ།།
དབྱར་བྱང་ཆུབ་ཤིང་གི་ལོ་མ་ལྡེམ་པའི།།
ཡུལ་མ་གྷ་དྷ་ཡི་གནས་མཆོག་དེ་རུ།།
ནམ་ཐོ་རེངས་དུས་ཀྱི་ཐོ་རེངས་ཤིག་ལ།།
སེམས་གནས་ལུཌ་རྟོཌ་དུས་ཅི་འདྲ་འདུག་གམ།།
ས་ག་ཟླ་བའི་དུས་ཚེར་བཟང་པོར།
29/ 5/ 2018 དངོས་མིང་། བསོད་ནམས་ནོར་བུ། སྨྱུག་མིང་། འཛུམ། ཕ་ཡུལ་ཁམས་གོ་འཇོ། སྡོད་གནས་ལྷོ་ཕྱོགས་རྣམ་གྲོལ་གླིང་།