ནམོགུརུ་ལོཀིཤྭརཡ། ཀྱེ་མ་ཀྱེ་ཧུད་གངས་ཅན་གྱི་མགོན་པོ།།ཉམས་ཐག་བོད་འབངས་སྡུག་བསྔལ་གྱི་མེ་ལྕེས།།བར་མེད་སྲེག་པའི་ངང་ཚུལ་འདིར་གཟིགས་ནས། །ཐུགས་རྗེའི་ཆར་གྱིས་ད་ལྟ་རང་བཅིལ་མཛོད། །ཀུན་གྱིས་སྨོན་པའི་ཚེ༷་དཔལ་དང་འབྱོར་བ། །འདོད་རྒུར་དབང༷་བའི་ཤེས་རབ་དང་སྒྱུ་རྩལ། །ཡོངས་ཀྱིས་སྨོན་པའི་བསམ་འཕེལ་གྱི་ནོར༷་བུ༷། །བསྟན་འགྲོའི་ཆེད་དུ་བཏང་བ་འདི་ཨེ་མ། །ལྟ་ན་སྡུག་པའི་ཁྱེད་ཞལ་གྱི་མཛེས་དཔལ། །མཉན་ན་མི་ངོམས་ཁྱེད་གསུང་གི་པི་ཝང་། །བསམ་ན་མི་དཔོག་ཁྱེད་ཐུགས་ཀྱི་སྙིང་སྟོབས། །བོད་ཀྱི་སྙིང་དབུས་ནུབ་མེད་དུ་བཞུགས་ངེས། །མཚར་སྡུག་ཅན་གྱི་འདབ་ལྡན་གྱི་གཞོན་ནུ། །དྲོད་གཤེར་ལྡན་པ་རང་ཉིད་ཀྱི་སྐྱེད་ཚལ། །འོས་མེད་སྐྱེ་བའི་རྩ་ངན་དང་ལྡུམ་བུས། །ཅི་འདྲ་གཙེས་པ་ཁོ་བོ་ལ་གསུངས་དང་། །རྩ་ངན་སད་དང་སེར་ཐན་གནོད་པ་ལས་ཐར་བའི། །ཡིད་འཕྲོག་ཆུ་སྐྱེས་གཞོན་ནུ་འདབ་ལྡན་གྱི་དྲི་བསུངས། །ཕྱོགས་དང་མཚམས་སུ་དྲི་གཞོན་འགྱོགས་འགྲོ་ཡིས་ཁྱེར་དུས། །མྱ་ངམ་བྱེ་རིས་ཅི་གནོད་ཁོ་བོ་ལ་གསུངས་དང་། །བྱམས་པའི་བཞིན་རས་བརྩེ་བ་ཡི་སྤྱན་ཟུང་། །རྟག་ཏུ་འཛོམས་པ་ཡབ་ཡུམ་གྱི་ཞལ་ནས། །ཁྱེད་ཀྱི་རྣ་བར་ཤུབ་ཤུབ་ཏུ་གསུངས་པའི། །གང་གི་མཚན་དེ་ཐུགས་དཀྱིལ་དུ་ལོས་ཡོད། །ཡབ་ཡུམ་གཉིས་ཀྱི་གཅེས་ནོར་གྱི་ཕུལ་བྱུང་། །སུས་ཀྱང་མི་ཤེས་མཛོད་གཏིང་དུ་སྦས་པའི། །ཁྱེད་ལ་སྟོན་པའི་མཐོང་གྲོལ་གྱི་སྐུ་པར། །འདྲེན་བྱེད་ལམ་དུ་ལྷམ་མེར་དུ་ཨེ་གསལ། །གཞན་གྱི་ཐོས་པར་དོགས་ནས་དབེན་པ་ཡི་གནས་སུ། །ཁྱོད་ཉིད་ཁོ་ན་མཉན་པའི་སྐལ་བཟང་དུ་གྱུར་པ། །འདི་ཕྱི་གཏན་བདེ་སྒྲུབ་པའི་ལམ་སྟོན་གྱི་གསུངས་གདངས། །མ་བརྗེད་དྲན་ཅིང་དེ་བཞིན་ཉམས་ལེན་ཅིག་མཛོད་དང་། །ཀྱེ་མ་སྔོན་བྱོན་སྟོན་པའི་རྣམ་ཐར་གྱི་ཁྲོད་ན། །གཞན་གྱི་དོན་དུ་སྐུ་ལུས་ཕངས་མེད་དུ་བཏང་བའི། །མཛད་པ་འདི་ཀོ་བྱ་དཀའི་རྒྱལ་སྲས་ཀྱི་སྤྱོད་པར། །ཀུན་ཏུ་གྲགས་པ་སྲིད་པ་མ་སྟོང་བར་གནས་ཡོད། །ཁྱེད་ཀྱི་སྙིང་སྟོབས་མེ་ལྕེ་འབར་བ་ཡིས། །རང་ལུས་མཆོད་སྡོང་བསྲེག་པའི་འོད་སྣང་གིས། །བོད་ཀྱི་སྡུག་བསྔལ་མུན་པ་བསལ་དང་ལྷན། །བདེན་པའི་སྣང་བ་འཛམ་གླིང་ཡོངས་སུ་ཁྱབ། །འོན་ཏེ་རང་རིགས་སྙིང་སྟོབས་རི་རབ་ལ། །རྣམ་དཔྱོད་ཉི་ཟླའི་འོད་རྣོན་འཕྲོ་བ་ཅན། །ཁྱེད་འདྲ་ཐེར་འབུམ་ཡོད་ཀྱང་མི་ལྡང་བའི། །བསྒྲུབ་རྒྱུའི་བྱ་བ་ཡོད་པས་ཀྱེ་མ་ཧུད། །ཀྱེ་མ་ཀྱེ་ཧུད་ཁྱེད་དང་ཁྱེད་འདྲ་བ།།རང་རིགས་གངས་ཅན་མ་ཡུམ་ལ་དགྱེས་པའི། །སྐྱེས་བུ་རྣམས་ཀྱིས་རང་རིགས་མི་སྐྱོང་བར། །གཅེས་སྲོག་མེ་ལྷའི་ཞལ་དུ་འདེབས་པ་འདི། །དགྲ་ལ་དགོས་པའི་བྱ་བ་མ་ལགས་གྲང། །རང་ཡུལ་རང་རིགས་རིག་གཞུང་སྐྱོང་བྱེད་པའི། །ཐབས་འདི་ལག་པའི་ཚེར་ཟུག་བསལ་བའི་སླད། །ལག་པ་བཅད་པའི་ཐབས་ལས་ཐ་ཆད་ལགས། །རང་རིགས་དགྲ་ཡི་དཔུང་སྟོབས་རབ་ལྕི་བས། །བསྐལ་པར་ནོན་ཀྱང་འཇོམས་པར་མི་ནུས་པའི། །སྙིང་སྟོབས་རི་བོར་ཤེས་རབ་ཉི་ཟླ་དང་། །རྟག་ཏུ་འགྲོག་པའི་རང་གི་བརྒྱུད་འཛིན་དགོས། །རྡོ་རྗེ་ཕ་ལམ་བསྐལ་པར་ས་འོག་ལ། །ནོན་ཀྱང་རྡོ་རྗེའི་རང་བཞིན་མི་འདོར་ཞིང་། །རྡུལ་དང་བྲལ་བའི་རང་འོད་འབྱིན་པ་དང་། །ནོར་བུ་ཕལ་པ་ཟིལ་གྱིས་མནན་ལ་ལྟོས། །ཁྱེད་དང་ཁྱེད་འདྲའི་སྙིང་སྟོབས་ལ། །སྤྲོ་ཡང་གཏན་དུ་ཁྱེད་ཞལ་དང། །མཇལ་པའི་བསྐལ་པས་དབེན་པའི་ཚུལ། །དྲན་ནས་སྐྱོ་གདུང་མཆི་མ་དཀུ། །འོན་ཏང་སྙིང་སྟོབས་འོན་སྟོང་འབུམ་འཕྲོ་ཞིང་། །འགྱུར་མེད་ནོར་བུའི་ལ་རྒྱ་འཆང་བ་ཅན། །ཁྱེད་ཞལ་ཁོ་བོའི་ཡིད་ཀྱི་མེ་ལོང་ངོར། །ནམ་ཡང་འགྲིབ་བ་མེད་པར་བཞུགས་པར་ངེས། །དུས་མཐར་རིང་མིན་ཁྱེད་ཀྱི་རེ་སྨོན་གདངས། །འགྲོ་བའི་རྣ་བའི་བཅུད་དུ་རབ་འཇོ་བའི། །བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་ལ། །རྟག་ཏུ་ཁྱེད་ཀྱིས་ཅི་དགར་སྤྱོད་པར་སྨོན། །འོད་དཔག་མེད་དང་འཇིག་རྟེན་དབང་ཕྱུག་གིས། །ཚེ་རབས་ཕྲེང་བར་དགེ་བའི་བཤེས་མཛད་དེ། །བཀའ་བཞིན་སྒྲུབ་པའི་མཆོད་པས་རབ་མཉེས་ཏེ། །རང་མིན་ཆོས་སྐུའི་རྒྱལ་ས་སྙེགས་པར་ཤོག །ནམ་ཞིག་རྫོགས་པའི་སངས་རྒྱས་ཐོབ་མ་ཐག །ཁྱེད་ཀྱི་རླབས་ཆེན་སྤྱོད་པའི་སྙིང་སྟོབས་ཀྱིས། །ཆུ་འཛིན་ལས་འོངས་སྤྲུལ་པའི་ཉལ་འགྲོ་ཡིས། །འགྲོ་བའི་བདེ་དགའི་སྐྱེད་ཚལ་སྐྱོང་གྱུར་ཅིག དེ་འདྲའི་རང་སེམས་སྐྱོ་བའི་གདུང་དབྱངས་ཀྱི་སྨྲེ་ངག །དབང་མེད་མགྲིན་པ་བརྣང་བའི་ཚིགས་བཅད་ཀྱི་ཕྲེང་བ། །ལྷད་མེད་དྭངས་ཤིང་གཙང་བའི་བློ་སེམས་ཀྱི་སྐུད་པར། །རྟག་བརྟན་འགྱུར་མེད་རྡོ་རྗེའི་རང་བཞིན་དུ་ཐལ་ལོ། །༢༠༢༢/༣/༧ ལ།
འཁྲུངས་སྐར་གྱ་ལྔ་པ་བསུ་བའི་ཤིས་ཚིག་དགེ་ལེགས་ཆར་འབེབས།།
གང་སྐུ་དུང་གི་ལྷུན་པོ་ལྟར་དཀར་མཐོང་བའི་མོད་ལ་ཀུན་ནས་དྭངས་བ་འདྲེན་པ་པོ།། གང་གསུང་ན་ཆུང་གླུ་ལྟར་སྙན་པ་ཐོས་པའི་མོད་ལ་ཀུན་ནས་དགའ་བ་སྐྱེད་པ་པོ།།