Day: October 14, 2021

ཤེལ་སྒོའི་ནང་གི་མོག་མོག།

ཤེས་རིག་ནོར་གྱིས་གྱེན་དུ་བཏེགས་པའི་ཅང་ཤེས་རྟ་ཡི་ཆོལ་ཁ་རུ།།    བྲག་སྲིན་ཨ་མའི་རིཊ་རུས་དྲི་མེད་མངལ་གྱི་ཉྭ་ལྕིབས་ཁོག་པ་ནས།   ལས་སྨོན་བཟང་པོ་དྲོད་ཀྱིས་སྨིན་པའི་འོད་ཆཊ་མུ་ཏིག་དཀར་པོ་ཞིག།   མདོ་སྨད་ས་ཡི་ཡུལ་དུ་ལྷུང་བས་འཇིག་རྟེན་མིག་གི་བདུད་རྩིར་གྱུར།།     དང་པོ་ཁྱེད་ཀྱི་རིགས་རུས་འཆུགས་མེད་རྒྱུས་ཡོད་ཀུན་ལ་ཞིབ་ཏུ་དྲིས།།    བར་དུ་སྒྱུ་རྕལ་སློབ་མཐར་ཕྱིན་པའི་རིམ་པ་དེ་དག་རྒྱུས་སུ་བླངས།།     ཐ་མར་ཁྲ་ཆུང་མིག་གིས་བལྟས་ཏེ་སྐྱེས་ལོ་བཟང་ངན་སྲང་ལ་བཅལ།།     ད་གཟོད་ཕྱི་ནང་ཀུན་མཛེས་མཐོང་བས་བརྩེ་བའི་མེ་ཏོག་སྙིང་གར་གས།།       ཆུང་དུས་དེ་ཙམ་འཆོར་པོ་མེད་ཅིང་སྒེག་ཉམས་སྟོན་འདོད་མེད་སྐད་གོ།     ན་ཚོད་རིམ་གྱིས་སྨིན་རིམ་བཞིན་དུ་སྙིང་ལ་ཇེ་སྡུག་ཇེ་སྡུག་གྱུར།།     བོད་པས་གར་ཁྱབ་འཛམ་གླིང་ས་ན་ཁྱོད་ཀྱི་མིང་ཡང་དེ་བཞིན་ཏེ།།    རྣ་བར་མཚན་སྙན་ལྡུད་མཁན་མང་བས་སྙིང་ཤར་ཟུག་པའི་ཚེར་མ་ཞིག།       རྒྱལ་ཡོངས་གླུ་གར་འགྲན་དུ་ཚོཊ་པའི་གར་སྟེཊ་ཤིག་ལ་རྒྱུ་བའི་དུས།།    ལྟ་མཁན་འབུམ་གྱི་དགའ་བའི་མེ་ཏོག་བུ་མོ་ཁྱོད་ལ་གཏོར་བ་མཐོང་།།     རྒྱ་སྐད་ཧ་ཅང་བྱང་ཆ་ཆེ་བས་ཕ་སྐད་རྨོངས་པ་མིན་ནམ་བསམས།།  ...

ལན་ཆགས།

ལོ་མང་བསྙལ་བའི་རྒུན་ཆང་།།  ད་ལོ་ཞིམ་མངར་ཆེ་བ།།  མེ་ཏོག་མིན་པའི་རྒྱ་སེ།།   མི་ཚེའི་རྒྱན་དུ་མཛའ་བ།།   ལྷད་མེད་བརྩེ་བའི་སྙིང་གཏམ།།  གཅམ་བུའི་ཚིག་གིས་མ་བརྫད།།  ཧ་ཅང་དྭང་གཙང་ཡིན་པ།།   དམར་པོ་སེམས་ཀྱིས་ཤེས་ཡོད།།    ངས་ཀྱང་ཕར་ལ་སྟེར་བ།། གཡོ་སྒྱུ་རྙོག་གིས་མ་གོས།། བརྩེ་བ་སྟོང་གི་རུ་མ།།  ཚོར་བའི་ནང་སྙིང་ཡིན་པ།།   ཆ་འགྲིག་ཕོ་མོའི་མཛའ་བརྩེ།། འཁོར་བའི་དོན་གོ་ཡིན་ན།།  གཏན་དུ་འབྲལ་ཐབས་མེད་པ།། ལན་ཆགས་ཟེར་བ་མིན་འགྲོ།།   མི་བརྟན་འཁོར་བའི་གྲོང་གི།  ཆོས་རྣམས་བསླུ་བར་གྲགས་ཀྱང་།།  འུ་གཉིས་བར་གྱི་བརྩེ་བས།། བསླུ་ཡོང་བསམ་པ་མི་འདུག།    གཤིན་རྗེའི་བཀའ་ཡིག་འབྱོར་དུས།།  མི་ཚེའི་ཕྲེང་ཐག་ཆད་ནས།།  འཆི་བྲལ་ཡིན་ན་མ་གཏོགས།། ...

༄༅།།མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལོ་རྒྱུས་དངོས་བྱུང་ཟོལ་མེད་ལྷ་དབང་དགྱེས་པའི་བདེན་གཏམ།

བཙན་པོ་རིམ་བྱུང་སྟོབས་འབྱོར་ཕྱོགས་ཀུན་དར་ནས།། སུམ་གཉིས་ས་ཡི་གོ་ལར་དབང་གིས་བསྒྱུར་ཅིང་།། ལུགས་གཉིས་གསེར་གྱི་ཁྲི་འཕང་བླ་ན་མཐོ་བའི།། ཆོས་ལྡན་བོད་ཅེས་སྙན་གྲགས་གླིང་བཞིར་གྲགས་མྱོང་།།   རྒྱལ་ཁབ་སིལ་བུ་འཐོར་བའི་དུས་ཚིགས་དེ་ནས།། ཆོས་སྲིད་ཉམས་རྒུད་སོང་བ་ཐེངས་གཅིག་མིན་ཀྱང་།། རྒྱལ་དབང་སྐུ་ཕྲེང་རིམ་བཞིན་བོད་ལ་ཕེབས་ནས།། བསྟན་སྲིད་གཉིས་ཀྱི་དབུ་ཁྲིད་རིམ་གྱིས་བྱུང་ཡོད།།   ལྷག་པར་སྐུ་ཡི་ཕྲེང་བ་བཅུ་བཞི་ཆེན་པོ།། དགུང་ལོ་བཅུ་དྲུག་ཐོག་ནས་སྲིད་ཁྲིར་འཁོད་ནས།། ཛ་དྲག་གནས་བབ་ཅིག་གིས་དཀྱོག་མཚམས་དེ་ནས།། ལུགས་གཉིས་ཐུགས་འགན་མི་བཞེས་ཀ་མེད་བྱུང་ཡོད།།   དམར་དམག་དྲག་པོའི་དཔུང་གིས་རྒོལ་རྡུང་བྱས་ནས།། གནམ་ས་མགོ་རྟིང་སློག་པའི་དུས་སྐབས་དེ་ན།། གངས་ལྗོངས་རྒྱལ་བསྟན་ཆག་འཇིག་བྱུང་བའི་ཉིན་དེར།། སྒང་དྲུག་དཔའ་བོས་བསྟན་སྲུང་དང་བླངས་བྱས་ཡོད།།   ཁམས་གསུམ་ཟིལ་གནོན་གསེར་ཁྲི་དང་བས་རྡུང་ཞིང་།། མཛད་པའི་སྒོ་མོ་ནོར་བུ་གླིང་ཁར་བསུས་ཏེ།། དད་གདུང་འགྱུར་མེད་བརྟན་བཞུགས་ཐོག་མ་ཕུལ་ནས།། ལུས་སྲོག་མཎྜལ་སེམས་ཀྱི་གཏིང་ནས་ཕུལ་ཡོད།།   ལྕགས་ཚ་གྲི་གུག་ཐང་གི་བྲང་གཞུང་ཡངས་པོར།། བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བཙུགས་ནས།། ཛ་སག་དཔའ་བོས་དམག་གི་རུ་སྣེ་དྲངས་ཏེ།། གཅེས་སྲོག་འབེན་དུ་བཙུགས་པའི་ལོ་རྒྱུས་མང་ངོ་།།   ...

འཛམ་གླིང་གི་བ་དན་དཀར་པོ།

སྐུ་དཀྱིལ་ཡེ་ཤེས་དཀྱིལ་འཁོར་ངུར་སྨྲིག་བརྒྱན།། གསུང་དབྱངས་དུས་ཐོག་ཆར་པ་གོ་ལར་བཞུར།། ཐུགས་ཟབ་རྒྱ་ཆེར་ནམ་མཁའི་དབྱིངས་སུ་བརྗིད།། གངས་རིའི་མགོན་པོ་འཕྲིན་ལས་རྡོ་རྗེ་འདུད།།   བྱམས་བརྩེ་འོད་སྣང་སྦྱིན་པས་འགྲོ་བའི་མགོན།། ཐུབ་བསྟན་རིན་ཆེན་གསེར་བཟང་འཛིན་པའི་གཙོ།། སཱ་ལའི་སྨན་ལྗོངས་ལྷ་ཐོག་ལིམྦིའི་ཚལ།། འཛུམ་གྱིས་སྒེག་པའི་ཉམ་ཆུང་ཁྱིམ་ན་བལྟམས།།   རྣམ་འདྲེན་རྒྱལ་བའི་གོ་འཕང་བརྙེས་ན་ཡང་།། ཐུགས་རྗེའི་ཕྱག་གིས་འཁོར་བའི་སེམས་ཅན་རྣམས།། ནམ་ཡང་མི་འདོར་འགྲོ་བ་རྣམས་ཀྱི་དོན།། ཐུགས་རྗེའི་མེ་ཏོག་སྐྱེ་དགུའི་དཔལ་དུ་བཞད།།   སོ་གཉིས་ལང་མཚོའི་༼ཚོའི་འོད་སྟོང་འཕྲོས་པའི་མགོན།། སྐད་བཞི་ལོ་ཙྭ་སྒྲ་གཟོ་༼བཟོ་སྙན་ངག་དང་།། བཀའ་པོད་གཞུང་གི་བཀའ་གནད་རྡོ་རྗེའི་བཅུད།། ལོ་ཟླ་ཧྲིལ་པོ་ཉི་ཤུ་ལྷག་ཏུ་སྦྱོངས།།༼སྦྱངས།   ཐུགས་སེམས་ཡངས་པོས་ཀུན་དང་མཐུན་འབྲེལ་བཙུགས།། ས་དགེ་བཀའ་རྙིང་རིས་མེད་བླ་མ་ལས།། དབང་ལུང་མན་ངག་མདོ་དང་བཅས་པ་ཞིག། གསན་གཟིགས་མཛད་པའི་རིས་མེད་གངས་ཅན་མགོན།།   དཔའ་མཛངས་བརྟུལ་གསུམ་འཛོམས་པའི་མི་རིགས་ཀྱི།། གཤིས་རྒྱུད་ངོ་བོ་མཚོན་པའི་སྐད་ཡིག་གཉིས།། རྒྱ་མཚོས་གོས་ཅན་སྟེང་དུ་ཡལ་དོགས་ཏེ།། ཁ་བའི་བླ་སྲོག་འཛིན་པའི་སློབ་གླིང་བཙུགས།   ...

ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་ལ་བསྔགས་པ་རབ་རྒྱས་མེ་ཏོག་ཆུན་པོ།

སྡེ་གསུམ་ནང་གི་མངོན་རྟོགས་མཛེས་པ་རབ་ཡངས་མཁའ་ཡི་འོད་དཀར་ཅན།། དུག་གསུམ་སྤྲིན་པའི་འཆིང་རྒྱ་ལས་གྲོལ་ཆ་ཤས་གང་བའི་འོད་རླབས་རེས།། སྲིད་གསུམ་དུཿཁའི་ཚ་གདུང་མ་ལུས་སྐད་ཅིག་ཉིད་ལ་བསལ་མཛད་པ།། རིགས་གསུམ་གཅིག་འདུས་མཚོ་སྐྱེས་རྡོ་རྗེ་མི་ཕྱེད་དད་བརྒྱའི་གཙུག་ཏུ་རོལ།།   སྟོན་པ་འཇིག་རྟེན་མིག་གཅིག་དབྱིངས་ལ་གཤེགས་ནས།། བསྟན་བཤིག་གདུག་པའི་ཚོགས་ཀྱི་དཔུང་ཤ་རྒྱས་ཏེ།། བསྟན་པ་ཉག་ལ་ཐུག་པའི་འགག་འཕྲང་དོག་པོར།། བདེ་སྐྱིད་སྐར་ཁུང་ཙམ་དེ་འགེབས་ལ་ཉེ་དུས།།   བློ་འདས་ཆོས་སྐུའི་རྒྱལ་ས་སྟུག་པོ་བཀོད་ནས།། རྒྱལ་ཀུན་ངོ་བོ་གཅིག་འདུས་སྣང་བ་མཐའ་ཡས།། གཞོམ་མེད་གསེར་གྱི་རྡོ་རྗེའི་གཟུགས་སུ་བྱས་ཏེ།། མདངས་ལྡན་འོ་མའི་མཚོ་མོར་ལྷུམས་སུ་ཞུགས་དུས།།   སྤྲེལ་ལོ་སྤྲེལ་ཟླ་ར་བའི་ཚེས་བཅུའི་སྔ་དྲོར།། འཇའ་སྤྲིན་མེ་ཏོག་མཛེས་པའི་ཆར་པ་འབབ་བཞིན།། དྲི་མེད་པདྨ་དཀར་པོའི་ཟེའུ་འབྲུའི་སྟེང་དུ།། མཚར་སྡུག་ལང་ཚོ་རྫོགས་པའི་མཚོ་སྐྱེས་རྡོ་རྗེ།།   འབྱོར་རྒུའི་ལོངས་སྤྱོད་ཚོགས་ཀྱིས་སེམས་ཁ་མ་གང་།། རིན་ཆེན་ནོར་བུའི་ཁྲི་ཡིས་ཞབས་ཟུང་མ་ཐེག ། འཕྲལ་བདེ་འཁོར་བའི་ཕུན་ཚོགས་ཐང་དུ་གཡུགས་ནས།། དབེན་པའི་རི་བོར་འགྲིམས་པའི་མཚོ་སྐྱེས་རྡོ་རྗེ།།   སྣང་སྲིད་དག་པར་ཤར་བའི་སྒྱུ་འཕྲུལ་ལམ་ནས།། འཁྲུལ་རྟོག་ཞགས་པའི་ཨ་ལོང་དུམ་བུར་གཏུབ་སྟེ།། འཇིགས་རུང་དུར་ཁྲོད་ཀུན་ཏུ་བརྟུལ་ཞུགས་སྤྱོད་པའི།། མ་ཚོགས་མཁའ་འགྲོའི་གཙོ་བོ་མཚོ་སྐྱེས་རྡོ་རྗེ།། ...

ང་ལོག་མེད། ང་ལོག་སླེབས་ཡོད།

ཀྱག་ཀྱོག་འཕྲང་ལམ་དོག་པའི་མི་ཚེ་ཡི་བརྒྱུད་ལམ།། གོག་མ་འགྲོས་ཀྱིས་གང་ས་ངེས་མེད་དུ་འཁྱམས་པས།། དམ་པའི་ཉིང་ཁུ་འཚོལ་འདོད་རྦ་རླབས་ལྟར་འཁྲུགས་ཏེ།། རྐང་པའི་རྡོག་སྣེ་འདི་ཉིད་ཆོས་ར་ལ་ཟུག་སོང་།།   མ་མཐོང་ཆགས་སྲེད་འབར་བའི་ཕྱི་རོལ་གྱི་མཛེས་སྡུག། མཐོང་ན་ཞེ་ཁ་ལོག་པའི་འཇིག་རྟེན་གྱི་འཚོ་བ།། ཟང་ཟིང་འདུ་འཛིས་འཆིང་བའི་ཐོ་ཡོར་གྱི་གྲོང་ཁྱེར།། ཕྱི་ནང་གསང་གསུམ་ཐམས་ཅད་གསལ་གསལ་དུ་རིག་བྱུང་།།   གཞོན་པའི་སེམས་ཁམས་གློ་བུར་ཚོར་སྣང་གིས་བསླུས་ཏེ།། ཕ་རིའི་སྤང་ཐང་སྟེང་གི་མཛེས་སྡུག་ལ་ཆགས་ཀྱང་།། ཉེ་བར་སླེབས་ཚེ་མཛེས་སྡུག་རང་ཡལ་དུ་སོང་བས།། གང་ལའང་སྙིང་པོས་དབེན་པའི་ངེས་ཤེས་ཤིག་སྟེར་སོང་།།   འདི་སྣང་འཁོར་བའི་གྲོང་ལ་ཕར་ཕར་དུ་སོང་ཚེ།། དམ་པའི་ལྷ་ཆོས་སེམས་ནང་ཚུར་ཚུར་དུ་སླེབས་འོངས།། སྲིད་ཞི་འཐབ་མོ་འགྱེད་པའི་གཡུལ་ས་ཡི་སྣེ་ནས།། གོམ་ཁ་ཞི་བའི་གྲོང་དུ་དབང་མེད་དུ་ཤོར་འགྲོ།།   སུས་ཀྱང་ཟློག་ཏུ་མེད་པའི་ལས་དབང་གི་བཀོད་སྒྲིག། བྱས་པ་ཆུད་མི་ཟ་བའི་ཚེ་སྔོན་གྱི་ལས་སྐལ།། ཤུལ་ལུས་ཅི་ཡང་མེད་པའི་གྲྭ་རྐྱང་གི་འཚོ་བས།། ལྷིང་འཇགས་གྲུ་ཁ་ཞིག་ནས་འོད་སྣང་དེ་འཚོལ་འགྲོ།།   བཀའ་དྲིན་ལྕི་བས་ནོན་པའི་རྒྱང་རིང་གི་ཡབ་ཡུམ།། བྱམས་བརྩེའི་འོད་ཞགས་འཆིང་བའི་དྲིན་ཆེན་གྱི་བཤེས་གཉེན།། ཁྱེད་ཅག་ཐུགས་ཀྱི་རེ་བ་རླུང་བུ་ལ་བསྐུར་མེད།། བུ་སློབ་བདག་ཀྱང་ཡང་དག་ལམ་བཟང་ལ་ཞུགས་ཡོད།།   ...

ཚོང་ཁང་ནང་གི་མཛེས་མ།

མཐོང་མྱོང་མེད་ཀྱང་ནང་དུ་འཛུལ་ཚེ་དགའ་དང་སྤྲོ་བའི་འཛུམ་གྱིས་བསུ།། འདྲེས་མྱོང་མེད་ཀྱང་ཕྱི་རུ་ཐོན་ཚེ་ཁྲ་ཆུང་མིག་གིས་སྐྱེལ་མ་བྱེད།། བཀོད་བཤམ་མཛེས་པའི་ཚོང་རྫས་རྣམ་མང་རིན་གོང་འདྲི་ཚེ་སྨྲ་བར་མཁས།། གཟུགས་དང་ལང་ཚོ་ཀུན་ནས་འབར་བའི་ཚོང་ཁང་ནང་གི་མཛེས་མ་ཀྱེ།།   ཁྱེད་ཀྱི་ལང་ཚོ་དགུན་ཆང་མངར་མོ་དེས།། བདག་གི་ལུས་སེམས་སྦྲིད་ཅིང་བཟི་ན་ཡང་།། མགྲིན་པའི་རྩ་མདུད་གློད་དུ་གཏོང་བ་ལས།། སྔོན་བྱུང་གཏམ་འགའ་འཆད་ལ་སྤྲོ་བ་བརྟས།།   མ་ཧ་དེ་བས་ཨུ་མའི་ཆེད་དུ་དགའ་རབ་ལྷ་ཚོགས་མེ་ལ་བསྲེགས།། ར་མ་ཎ་ཡིས་སི་ཏཱའི་དོན་དུ་ལངྐའི་མཁར་གྲོང་ཤུལ་མེད་བཅོམ།། སྲོང་བཙན་སྒམ་པོས་ཀོང་ཇོའི་ཕྱིར་དུ་རྒྱ་དང་༼གྲུ་དྲུ་གུ་ཆམ་ལ་ཕབ།། གེ་སར་རྒྱལ་པོས་འབྲུག་མོའི་སླད་དུ་ཧོར་སེར་ཡུ་མེད་རྩ་བརླག་བཟོས་   བསྔགས་འོས་ལྷ་དང་མི་དབང་དེ་དག་གིས།། མཛའ་གཅུགས་སྙིང་ལ་སྡུག་པའི་ཆུང་མ་རྣམས།། གཏམ་རྒྱུད་ཕྱི་རབས་བོད་ལ་གྲགས་པ་ཡི།། དམར་པོ་ཁྲག་གི་ལམ་ནས་ཁབ་ཏུ་བསུས།།   ཤཀྱཱ་ཐུབ་པས་མཛེས་པའི་ཆེད་དུ་སྒྱུ་རྩལ་དྲག་རྩལ་ཐེངས་མང་འགྲན།། སློབ་དཔོན་པདྨས་མཛེས་མའི་དོན་དུ་མེ་ལ་བསྲེགས་ཀྱང་བཟོད་པར་ཕོད།། ནོར་བཟང་རྒྱལ་ལུས་མཛེས་མའི་ཕྱིར་དུ་དྲི་ཟའི་ཡུལ་ལ་འགྲོ་བར་བརྩམས།། ཚངས་དབྱངས་རྒྱ་མཚོས་མཛེས་མའི་སླད་དུ་རྒྱལ་སྲིད་གསེར་ཁྲི་འདོར་ལ་བྲེལ།།   མཆོད་འོས་རྒྱལ་དང་གྲུབ་དབང་དེ་དག་གིས།། སྲིད་པའི་ཕུན་ཚོགས་འཆིང་བུ་ལྟར་དོར་ཡང་།། ཤ་ཁྲག་འདམ་གྱིས་བཅོས་པའི་མཛེས་མ་རྣམས།། སྣ་ཚོགས་ཐབས་མང་སྤྱད་ནས་འཐོབ་ལ་བརྩོན།།   ...

སྐྱོ་དབྱངས་སྙི་མོ།

བཅུ་དྲུག་ལང་ཚོའི་དཔལ་ལྡན་ཞིང་།། མ་བཅོས་ཚུལ་ཁྲིམས་དྲི་བསུང་ཐུལ།།  ངུར་སྨྲིག་མདངས་འཛིན་མེ་ཏོག་གང་།། སད་ཀྱིས་བཅོམ་པས་ཀྱེ་མ་ཧུད།།    རྣམ་དཔྱོད་ཟླ་བའི་ཟེགས་མ་རེས།། ཤེས་རིག་ཀུ་མུད་འདབ་བརྒྱ་བཀྲོལ།། རྒྱུ་སྐར་ཁྲོད་ཀྱི་འོད་པོ་ཆེ།། འཆི་བདག་སྤྲིན་གྱིས་བསྒྲིབས་པས་སྐྱོ།།   ལྷན་སྐྱེས་ཡ་༼རབས་རབ་མཚར་སྡུག་འབར།།  གུས་རྟག་སྦྱོར་བའི་གཟི་བྱིན་མཐོ།། བསམ་ཡོད་ཆུ་སྐྱེས་འབུམ་གྱི་རྒྱན།། སྒྲ་ཅན་དུག་གིས་བཀུམས་པས་ངུ་།།    ད་ནི་ངུ་དབྱངས་གྱེར་ཙམ་གྱིས།། བར་དོར་རྒྱུ་བའི་ཁྱེད་ཉིད་ལ།། ཕན་པའི་འོད་ཅིག་མི་སྲིད་ཀྱིས།། དགེ་བ་གང་གི་འདུ་བྱེད་རྩོམ།།    སྐྱོ་གདུང་མིག་ཆུ་དྭངས་མ་གང་།། ཡོན་ཆབ་གཙང་མའི་བྱད་དུ་སྒོམ།། སྟོན་པའི་དྲུང་དུ་མགོ་བོ་དུད།། སྨོན་ལམ་སྒྲོན་མེ་རྐང་གཅིག་སྦར།།   རྟེན་འབྲེལ་ཟབ་མོའི་གསང་གནད་འོག། སྨོན་ལམ་སྒྲོན་མེ་རྐང་གཅིག་འདིས།།  ཁྱེད་ཉིད་བར་དོའི་འཇིགས་སྐྲག་ལས།། ལན་གཅིག་བསྐྱབས་པར་སླར་ཡང་སྨོན།།    ...

གླིང་ཚང་འཕྲིན་ལས་མཐར་ཕྱིན།

སུམ་རྩེན་ལྷ་ཡི་ཕོ་བྲང་དེ་ནས་སྤྲིན་གྱི་བང་རིམ་ཆིབས་སུ་བཅིབས་པའི་རབ་མཛེས་ཁྱེའུ་དམ་པ་ཞིག། སྒྱུ་མ་ལྷ་མཛེས་ཁོག་པ་བརྒྱངས་ཏེ་ལྷུམས་ཀྱི་ཕུག་པར་བཙན་འཛུལ་བྱས་པའི་ཟས་གཙང་རྒྱལ་པོའི་སྙིང་ནོར་ཞིག། རྩོད་ལྡན་དུས་ཀྱི་འཚུབ་ལོང་ཁྲོད་དུ་རྐང་གཉིས་མི་ཡི་གཟུགས་སུ་བརྫུས་པའི་རྒྱལ་སྲས་གཞོན་ནུ་དོན་གྲུབ་དཔལ།། ཁྱེད་རང་ཕེབས་པ་ཐོག་མ་ཡིན་པས་རི་བོ་གཡོ་ཞིང་ས་གཞི་འདར་ཏེ་སྙན་པའི་སྒྲ་ཡང་གྲག་པར་གྱུར།།   ལྡེམ་ལྡེམ་འཇོ་སྒེག་སྟངས་སྟབས་ཡག་པའི་ཡིད་འོང་བུ་མོ་སྟོང་ཕྲག་བརྒྱད་ཅུའི་མེ་ཏོག་ཁྲ་ཚོམ་ཞལ་ཁ་བཞད།། རི་བོའི་ཞོལ་དུ་རི་ལྟར་བརྩིགས་པའི་ཕུན་ཚོགས་ནོར་གྱི་བང་མཛོད་མཐོང་ན་གདེང་ཅན་ཀླུ་ཡང་སྐྱེངས་ལ་ལ།། རྒྱལ་སྲིད་མངའ་ཐང་ཉི་མ་བཞིན་དུ་འོད་ཟེར་ཆེམ་ཆེམ་མཁའ་རུ་འཆར་དུས་ཧམ་རྔམ་ལྡན་པས་འགྲམ་ཆུ་ལྡང་།། སྟོབས་འབྱོར་སྣུམ་པོའི་དར་ཟབ་དཀྱིལ་ན་དཔའ་རྩལ་རྫོགས་པའི་བུ་རྒོད་ཅིག་གིས་ཨ་ཕའི་སེམས་རྩ་གསོས་ནས་ཡོད།།   མུན་པ་སྟུག་པའི་མཚན་གུང་ཤེད་ལ་མི་ཞིག་གནམ་གྱིས་བརྐུས་པར་མོལ་བའི་འུད་ཀྱིས་གྲོང་དང་གྲོང་ཁྱེར་བཀང་།། ཟས་གཙང་ཚང་གི་གོ་ཁའི་འཁྲིས་སུ་ཆོ་ངེ་བཏབ་པའི་མཛེས་མ་དག་གིས་ལག་པས་བྲང་ལ་ཉིས་རྡུང་བྱས།། དབུགས་རིང་རེ་རེ་ཤུགས་ཀྱིས་འཐེན་ཏེ་རྒྱང་རིང་ཡུལ་ལ་ཧད་ཅིང་ལྟ་བའི་བགྲེས་སོང་ཕ་རྒན་མཆིལ་མས་བརྣངས།། མཛའ་བཤེས་ཡོད་ཚད་རླུང་ལ་བསྐུར་ཏེ་བས་མཐའི་རི་ཁྲོད་ཕང་བར་བཞེས་པ་བསམས་ན་བྲོས་སྟངས་རླབས་ཆེན་རེད།།   གཅོང་རོང་འཁོར་བའི་གཟེབ་ལ་བལྟས་ཤིང་སྣང་བ་བན་བུན་དགྲ་རུ་མཐོང་སྟེ་ཕྱིར་བལྟས་མེད་པར་བྲོས་སམ་ཅི།། མེ་མ་མུར་གྱི་འོབས་སུ་ལྕེབས་པའི་དམུས་ལོང་སྐྱེ་རྒུའི་ཟུག་རྔུར་གཞིགས་ནས་གནག་སྣུམ་ལན་བུ་གཏུབས་ལགས་སམ།། རེ་བའི་བརྐམ་ཆགས་གཏིང་མཐའ་བྲལ་བ་འགེངས་སུ་མེད་པའི་ཞབས་རྡོལ་ཡིན་པར་གསང་བའི་བརྡ་ཞིག་བསྟན་ལགས་སམ།། ཅིས་ཀྱང་དབེན་པ་ནགས་ཁྲོད་དེ་ན་ཁྱེད་དང་ང་ཡི་མངོན་འདོད་ཡིན་པའི་ཡང་སྙིང་ལོངས་སྤྱོད་ཅི་ཞིག་བདོག །   དཔའ་དང་དཔུང་གིས་དབུལ་བར་ཤེས་ཏེ་བཀྲག་མདངས་ཤོར་བའི་འཚོ་བ་སྐྱ་བོས་ལུས་ཀྱི་ཟོ་བཅུད་བསམ་བཞིན་བཅོམ།། མདུན་ནས་བཞུར་བའི་ཆུ་ཆུང་དེས་ཀྱང་སྐམ་ཞིང་རིད་པའི་ངང་ཚུལ་མཐོང་བས་ཀི་ཅོ་ཆེན་པོས་ཐུབ་ཚོད་བཏང་།། ཕྱོགས་འགྲོ་འགྲུལ་པས་རྒྱང་ལྟ་བྱེད་ཀྱིན་ཆུ་ཚོད་སྐར་མས་བགོ་བཤའ་བྱས་པའི་འཁོར་འགྲོས་དུས་ཀྱི་ཚེ་སྲོག་བྱིན།། ངན་ངོན་ཟས་གོས་འཚོ་རྟེན་བྱས་ཏེ་དཀའ་སྡུག་རུས་པའི་གསེང་ནས་མངོན་དུས་ད་གཟོད་ཁེ་དང་རྒྱལ་ཁ་ཞིག།   གནམ་ངོ་༼རུབ་རུབས་པའི་སྲོད་ཀྱི་དུས་དེར་བདུད་ཀྱི་མཛེས་མས་གྲོས་ར་འཚོགས་ཏེ་དམག་རྒྱག་གྲ་སྒྲིག་ཨང་གསར་བྱས།། གནས་ཚང་གཡར་སའི་སྡོང་རྒན་དེ་ནི་སྔངས་ཤིང་འདར་བའི་བྲེད་ཤ་ལངས་ཏེ་གྱོན་པའི་ལོ་འདབ་ས་རུ་གཏོར།། རལ་པ་ནར་མོ་ཐོད་དུ་བཅིངས་པའི་མུ་སྟེགས་རྒན་པོས་ཟུར་མིག་ཀློང་ནས་དེ་རིང་ཅི་ཞིག་ཕམ་པར་བསྒུགས།། མདའ་དང་མདེའུས་ཆར་ཆེན་འབེབས་དུས་ཞི་བའི་ཉམས་ལ་འཛུམ་རིས་འཁྱིལ་བ་ཅི་འདྲའི་གདེངས་ཚོད་ཆེ་ལུགས་ཤིག། ...

ཞི་བར་འཁྱུད་པའི་རླབས་ཆེན་གྱི་སྟོན་པ།རུ་བ་ནུད་པ།

ཆུ་སྟོད་ཟླ་བའི་ཉ་ལ་ཕྱོགས་པས་ལུང་པའི་གཤོང་དུ་སྨུག་སྤྲིན་ཉལ།། སྣུམ་ལྗང་ཡངས་བའི་རི་ལུང་དག་ན་མེ་ཏོག་གཤོག་པའི་འཇའ་ཚོན་བྲིས།། རང་བྱུང་སྨན་གྱི་བསུང་མངར་འཐུལ་བ་མཐོ་སྒང་རི་བོའི་རྒྱུད་དེ་ན།། གདོང་དམར་བཙན་པོའི་བུ་རྒྱུད་དག་གིས་སྦྲ་གུར་བརྒྱབས་ཏེ་མཚེར་ས་བཟུང་།།   སྨུན་སྤྲིན་ཀློང་ན་རྐང་བཞི་བཀྲམ་པ་སྐར་མའི་གྲོ་ཡོས་འགད་པ་འདྲ།། ཡངས་ཤིང་སྣུམ་པའི་རྩྭ་ཐང་མཚོ་ལ་སྦྲ་གུར་སྨུག་པོ་གཡོར་གྲུ་བཞིན།། ཅུང་ཟད་མོག་པའི་ཟླ་འོད་འོག་གི་ཀྱག་ཀྱོག་ཆུ་ཕྲན་དངུལ་མདངས་འཚེར།། རྒྱང་ནས་བལྟས་ན་སྒྱུ་འཕྲུལ་བློ་ཡིས་འབྲོག་སྡེ་ཚོམ་ཤིག་བཀོད་པར་དྲན།།   ཨ་ཁུ་རྒད་པོས་གནམ་གཤིས་བརྟགས་ཞོར་ལོ་ཐོ་ནག་སྐྱབ་སྔོག་གཤེར་བྱས།། དབྱར་མགོར་བསགས་པའི་མར་རྡོ་ཁ་དྲུབ་ཆུར་སྒྲོ་རིང་པོ་ཁ་མདུད་བསྡམས།། སྡེ་བ་ཡོངས་ཀྱིས་རུ་གྲོས་བྱས་མཐར་ཀུ་རེའི་མཇུག་དེར་རུ་ཐག་བཅད།། འབྲོག་ཁྱི་དག་གིས་ཅི་ཞིག་ཚོར་འདྲའི་རྒྱང་ལ་ལྟ་བཞིན་རྫི་ཟུག་བྱེད།།   ཁ་ཉིན་དབྱར་ས་ཁྲ་མོའི་ཐོག་ཏུ་མཚེར་དང་ཐབ་ཀ་བཅའ་རུ་སོང་།། མཚེར་ས་གདམ་རྗེས་རྡོ་བ་སྤུང་ཞོར་ས་འདམ་བརྫིས་ཏེ་བློ་བཀོད་འཐེན།། འབྲོང་རྒོད་བྲེ་སེར་གྱེན་དུ་ལངས་འདྲའི་རླུང་ཐབ་གོ་ཡ་མ་འགའ་བཅས།། གོར་རྣ་ས་མིན་རྡོ་མིན་ཡིན་པས་མེ་ལྕེ་ཐུབ་པའི་ཁྱད་ཆོས་ལྡན།།   འབྲོག་པའི་འཚོ་བ་ཕྱུགས་ལ་རྟེན་ཞིང་དེ་ཡང་རྩྭ་ཆུའི་བཅུད་ལ་སྟེ།། རྩྭ་ཁ་འདེད་དེ་སྤོ་བཞུད་བྱེད་པ་རྩྭ་ཐང་མི་ཡི་འགྲོ་ལུགས་ཡིན།། ལྕགས་དཀྱུ་འདྲ་བའི་ཕོ་ཐང་དག་གིས་རྟ་ཁ་གློད་དེ་གཡག་ཁྱུ་རུག། གཡག་རྒོད་དག་གིས་རྭ་ཁ་འགྲན་ཞིང་མི་རྣམ་དགོད་ཞོར་གཡག་སྤུས་གླེང་།།   ཆར་པ་འབབ་སོང་ཆར་པའི་མིང་ལ་དྲུག་པའི་ཆུ་བོ་གཞུང་རྒྱས་འབོད།། སྤྲིན་གྱི་རུམ་ལས་ཆར་གྱི་རྒྱུན་དག་ནམ་མཁའ་རལ་བའི་ཟོལ་གྱིས་འབབ།། སྨུག་ཆར་ཀློང་གི་འགྲོན་པོའི་རྟ་ཐོག་རྦ་ལོ་རིས་ཀྱི་སེང་འཁོར་གྱོན།། ཆར་ཆུའི་དཀྱིལ་གྱི་མེ་ཏོག་སིལ་མ་ཟིལ་པ་ཕྲོམ་ཕྲོམ་འདར་སིག་ཤོར།།   ...

Page 1 of 3 1 2 3

ལོ་ཐོ།

October 2021
M T W T F S S
 123
45678910
11121314151617
18192021222324
25262728293031